རྒྱ་གར་ཉེན་རྟོག་པས་གསང་ཉུལ་དང་ནག་ཚོང་གི་དོགས་གཞི་ཡོད་པའི་རྒྱ་མི་ཞིག་འཛིན་བཟུང་།

2020-08-13
གློག་འཕྲིན།
མཆན།
Share
པར་བཀོད།
 རྒྱ་མི་(Luo sang)་ཞེས་པའི་པར།
རྒྱ་མི་(Luo sang)་ཞེས་པའི་པར།
དྲ་བཤུས། IT

རྒྱ་གར་གྱི་ཉེན་རྟོག་པས་རྒྱ་མི་ཞིག་གིས་རྒྱ་གར་ནང་གསང་ཉུལ་དང་ནག་ཚོང་གི་ལས་ཀ་བྱེད་བཞིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག
འདི་ཚེས་༡༢་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཉིན་ཤས་སྔོན་རྒྱ་གར་གྱི་དབུས་དཔྱ་ཁྲལ་དོ་དམ་ཁང་(Central Board of Direct Taxes)་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དངུལ་གཏོང་ལེན་དང་འབྲེལ་བའི་ཞིབ་བཤེར་བྱེད་སྐབས། རྒྱ་མི་(Luo sang)་ཞེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་གར་ཉེན་རྟོག་པས་སྔོག་བཤེར་སྐབས། རྒྱ་མི་ལའོ་སང་གིས་ཆཱར་ལེ་ཕེན་(Charlie Peng)་ཞེས་མིང་རྫུན་བེད་སྤྱོད་བྱས་ནས། རྒྱ་ནག་གི་བཟོ་ལས་ཁང་གི་མིང་ཐོག་ནས་དྲ་ལམ་ཚོང་ལས་ཁང་(hawala network)་ཞེས་པ་ཆེད་འཛུགས་ཀྱིས། དངུལ་ཁང་བྱང་བུ་མི་འདྲ་བ་བཅུ་ཙམ་གྱི་ནང་ནས་ཧིན་སྒོར་ས་ཡ་སུམ་སྟོང་ཙམ་གཏོང་ལེན་བྱས་ཡོད་པ་ཤེས་རྟོགས་བྱུང་བ་དང་། གནས་ཚུལ་དེ་དངོས་བདེན་ཡིན་པ་རྒྱ་གར་གྱི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡང་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཉེས་རྟོག་པས་འདྲི་རྩད་སྐབས་སུ། ཁོས་རང་གི་ལས་འགན་གཙོ་བོ་ཞིག་ནི་༧གོང་ས་མཆོག་གི་ཉེ་འཁོར་གྱི་མི་སྣ་རྣམས་དང་འབྲེལ་ལམ་བཟོས་ནས་སིམ་འཛུལ་བྱེད་དགོས་པ་དེ་ཡིན་པ་དང་། དེའི་ཆེད་ཁོ་ཧི་མ་ཅལ་མངའ་སྡེ་དང་། ལྡི་ལིའི་བོད་མིའི་གཞིས་སྒར། བྷེང་ལོར་སོགས་ལ་ཕྱིན་ཡོད་པ། ལས་འགན་གཞན་ཞིག་ནི་རྒྱ་ནག་གཞུང་ཚབ་ཁང་གི་ནང་དངུལ་སྤྲོད་ལེན་དང་སྣེ་ལེན་བྱེད་རྒྱུའི་ལས་འགན་ཡོད་པའི་སྐོར་བརྗོད་ཡོད་འདུག
གོང་གི་རྒྱ་མི་དེ་དེ་སྔ་༢༠༡༨་ལོའི་ཕྱི་ཟླ་དགུ་པའི་ནང་། ལྡི་ལི་ཉེན་རྟོག་པས་རྒྱ་གར་ནང་སོ་ཉུལ་གྱི་ལས་ཀ་བྱས་པའི་བྱས་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་ཞིག་ཡིན་པ་དང་། སྐབས་དེར་ཁོ་པས་རྒྱ་གར་ནང་ཁྲིམས་འགལ་གྱི་ཡོང་བ་དང་། ཡོང་དགོས་དོན་ནི་བོད་ནང་རྒྱ་ནག་གཞུང་གི་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་འོག་ནས་གྲོལ་ཆེད་དུ་ཡིན་པ་བརྗོད་ཡོད་འདུག ཁོ་པས་(Charlie Peng)་ཞེས་མིང་བེད་སྤྱད་ནས་ངོ་སྤྲོད་ལག་ཁྱེར་རྫུན་བཟོ་བྱས་བ་དང་། དེ་ནས་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོ་བདེའི་ཆེད་དུ། རྒྱ་གར་བྱང་ཤར་མ་ནི་སྤུར་མངའ་སྡེ་ནས་ཡིན་པའི་བེུད་ཞིག་དང་མཉམ་དུ་གཉེན་སྒྲིག་བྱས་ཡོད་པ་རེད་འདུག
ད་དུང་གནས་ཚུལ་ལྟར་ན། ཁོང་རྒྱ་གར་ནང་གི་ནག་ཅན་མི་སྣ་དང་མཉམ་དུ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་རྒྱ་གར་ཉེན་རྟོག་པས་ཞིབ་གཅོད་བྱེད་བཞིན་ཡོད་པ་དང་། རྒྱ་གར་གཞུང་གི་དབུས་ཁྲལ་བསྡུ་དོ་དམ་ལས་ཁང་གིསྲ རྒྱལ་ས་ལྡི་ལི་དང་། གྷ་ཛིཡ་བྷཊ། གྷུ་རུ་གྷ་རམ་བཅས་ས་གནས་ཁག་༢༡་ནང་དངུལ་ནག་ཚོང་དང་འབྲེལ་ནས་འཚོལ་ཞིབ་བྱས་ཡོད་འདུག་ལ་ཁོས་རྒྱ་མི་གཞན་དང་། དངུལ་ཁང་གི་ལས་བྱེད་སོགས་དང་འབྲེལ་བ་བྱས་ནས་དངུལ་ཁང་མི་འདྲ་བ་བཞི་བཅུའི་ནང་། དངུལ་འབོར་ཧིན་སྒོར་ས་ཡ་ཁྲི་ཅིག་ཙམ་བཅུག་ཡོད་པ་དང་། དེའི་ནང་རྒྱ་གར་དངུལ་ཁང་གི་ལས་བྱེད་དང་། མཁས་ལས་རྩིས་པ་སོགས་དང་འབྲེལ་བ་ཡོད་པའི་ཡིག་ཆ་ཡང་ཐོན་ཡོད་འདུག
གནས་ཚུལ་འདི་ནི་ཉེ་ལམ་ཕྱི་ཟླ་དྲུག་པའི་ནང་། རྒྱ་གར་གྱི་ལ་དྭགས་ཤར་ཕྱོགས་ས་མཚམས་སུ་རྒྱ་ནག་གི་ས་སྲུང་དམག་མིས་རྒྱ་གར་གྱི་དམག་མི་༢༠་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་རྗེས། རྒྱ་གར་གཞུང་གིས་རྒྱ་གར་ནང་རྒྱ་ནག་གིས་བཟོས་བའི་ཁ་པར་གཉེན་ཆས་མ་ལག་༥༩ བཀག་འགོག་བྱས་བ་དང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཚོང་ལས་ཚོགས་པའི་ངོས་ནས་ཀྱང་རྒྱ་ནག་གི་བཅའ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་རྒྱ་ནག་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཆེན་པོ་སྟོན་བཞིན་པའི་དུས་ཚོད་ཞིག་ལ་བྱུང་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།