རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པ་ཚོར་དམ་དྲག་དང་ལག་འཁྱེར་ཕྱིར་བསྡུ།

2020-03-18
གློག་འཕྲིན།
མཆན།
Share
པར་བཀོད།
པེ་ཅིང་ནང་གི་རྒྱ་ནག་གི་ཉེན་རྟོག་པ་དང་ཕྱི་རྒྱལ་གསར་འགོད་པ། ༢༠༡༤།༡༡
པེ་ཅིང་ནང་གི་རྒྱ་ནག་གི་ཉེན་རྟོག་པ་དང་ཕྱི་རྒྱལ་གསར་འགོད་པ། ༢༠༡༤།༡༡
AFP

རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་ཅིག་གི་གསར་འགོད་པ་ཚོར་ཉིན་བཅུའི་ནང་གསར་འགོད་པའི་ངོ་སྤྲོད་ལག་འཁྱེར་ཕྱིར་སློག་བྱ་དགོས་པ་བརྗོད་འདུག
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། ཨ་རིའི་གསར་འགྱུར་ལས་ཁང་ནེའུ་ཡོག་དུས་བབ་(New York Times)་དང། (Wall Street Journal) དེ་བཞིན་ཝ་ཤིན་ཀྲོན་ཕོ་ཉ་(Washington Post)་བཅས་ཀྱི་གསར་འགོད་པ་ཨ་རིའི་མི་སེར་ཡིན་པ་ཚོའི་གསར་འགོད་པའི་ལག་འཁྱེར་འདི་ལོ་༢༠༢༠་ལོའི་ལོ་མཇུག་ནས་དུས་ཚོད་རྫོགས་འགྲོ་མཁན་ཚོས། ད་ནས་ཉིན་གྲངས་བཅུའི་ནང་ཚུད་དུ་གསར་འགོད་པའི་ལག་འཁྱེར་རྒྱ་ནག་གཞུང་ལ་ཕྱིར་སློག་བྱེད་དགོས་ཀྱི་རེད་ཅེས་དགོས་འདུན་བཏོན་འདུག་ལ་ད་དུང་ཨ་རིའི་གསར་འགོད་པ་ཚོར། ཧོང་ཀོང་དང་། ཨོ་མན་ཐེ་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གསར་འགོད་པའི་ལས་དོན་མུ་མཐུད་དུ་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུ་མིན་ལུགས་བརྗོད་འདུག
དེ་ནི་ཉེ་དུས་ཨ་མི་རི་ཀས་ཨ་རིའི་ནང་གི་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གི་ནང་གསར་འགོད་པའི་གྲངས་ཚད་ཉུང་དུ་བཏང་ཡོད་པ་དང་། དེ་ནི་དོན་དངོས་ཕྱིར་འབུད་བྱས་པ་དང་གཅིག་མཚུངས་ཡིན་པས་རྒྱ་ནག་གིས་ད་རེས་ཐག་གཅོད་དེ་ལྟར་བྱས་པ་ཡིན་ལུགས་སྤྱི་བསྒྲགས་ནང་བརྗོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས། འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གིས་ཐག་གཅོད་དེར་བསྐྱར་དུ་བསམ་ཞིབ་བྱེད་བའི་རེ་བ་ཡོད་ཅེས་གསུང་པ་དང་ཆབས་ཅིག འཛམ་གླིང་ལ་རང་དབང་གི་ཐོག་ནས་གསར་འགྱུར་སྤེལ་རྒྱུའི་གནས་སྟངས་དེ་རྒྱ་ནག་གིས་སྒོ་བརྒྱབ་པ་ལྟ་བུའི་བྱ་སྤྱོད་ལ་བློ་འཚབ་ཡོད་པ་གསལ་བཏོན་གནང་འདུག
ད་རེས་རྒྱ་ནག་གི་ཐག་གཅོད་དེར་(VOA)་ཨ་རིའི་རླུང་འཕྲིན་ཁང་གིས་སྐྱོན་བརྗོད་ཀྱི་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཀྱང་སྐྱོན་བརྗོད་གནང་འདུག
ཉེ་སྔོན་སྤྱི་ཟླ་གཉིས་པའི་ཚེས་༡༨་ཉིན་ཨ་མི་རི་ཀས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྡེ་ཁག་ལྔ་ཡི་བྱ་སྤྱོད་ལ་བལྟོས་ནས་དེ་ཚོ་ནི་གསར་འགྱུར་གྱི་ལས་རིགས་སྤེལ་མཁན་མིན་པར་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་གྱི་ཚོགས་པར་ངོས་འཛིན་བྱས་ཡོད། གསར་འགྱུར་སྡེ་ཁག་དེ་དག་ནི། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་དང་། གོ་ལའི་བརྙན་འཕྲིན་དྲ་བ། ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་།   རྒྱ་ནག་གི་ཉིན་རེའི་ཚགས་ཤོག མི་དམངས་ཉིན་རེའི་ཚགས་ཤོག་བཅས་ཡིན་འདུག
ཨ་རིའི་གཞུང་གིས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་སྡེ་ཁག་དེ་དག་ལ་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་པ་དང་། ཡིན་ནའང་ད་ལྟའི་ཆར་ཁོ་ཚོའི་གསར་འགྱུར་གྱི་ལས་ཀ་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་མིན་པའི་སྐོར་བཀོད་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་གཏན་འཁེལ་ཡིག་ཆ་དེའི་ནང་དུ་འཁོད་དོན་ལྟར་ན། གསར་འགྱུར་སྡེ་ཁག་དེ་དག་རྒྱ་ནག་གི་ངོ་ཚབ་ཚོགས་པར་ངོས་འཛིན་བྱས་པའི་རྗེས། གསར་འགྱུར་སྡེ་ཁག་དེ་དག་གིས་ཨ་རིའི་ནང་དུ་ཁྲིམས་མཐུན་གྱིས་ཐོ་འགོད་བྱ་དགོས་པ་ནི། ཁང་པ་གླ་བ་དང་ཉོ་བ་སོགས་ཀྱི་ལས་དོན་གང་ཡིན་རུང་ངེས་པར་དུ་ཨ་རིའི་གཞུང་གི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་མ་ཟད། ཨ་རིའི་ནང་དུ་ལས་ཀ་བྱེད་མཁན་རྣམས་ལའང་ཨ་རིའི་ལས་ཀའི་ཐོབ་ཐང་ལག་འཁྱེར་ངེས་པར་དུ་དགོས་པའི་སྐོར་འཁོད་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།