༢༠༡༩་ལོ་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་དམའ་ཤོས་ཆགས་འདུག

2020-01-17
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སའི་ས་འོག་མེ་འཁོར་ནང་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་སྐོར་གྱི་གསར་འགྱུར་ཀློག་བཞིན་པ། ༢༠༡༩།༥།༨
ཨ་རིའི་རྒྱལ་སའི་ས་འོག་མེ་འཁོར་ནང་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་སྐོར་གྱི་གསར་འགྱུར་ཀློག་བཞིན་པ། ༢༠༡༩།༥།༨
Lhuboom/RFA

སྤྱི་ལོ་༢༠༡༩་ལོར་འདས་པའི་ལོ་ངོ་༣༠་ནང་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་དམའ་ཤོས་ཆགས་ཡོད་འདུག
འདས་བའི་སྤྱི་ལོ་༢༠༡༩་ལོའི་ནང་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་དེ་བརྒྱ་ཆ་༦་དང་གྲངས་ཆུང་༡་ལས་འཕེལ་རྒྱས་མ་བྱུང་བར་འདས་པའི་ལོ་ངོ་༣༠འི་ནང་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་དམའ་ཤོས་ཆགས་ཡོད་པ་རེད།
འདི་ཚེས་༡༥་རེས་གཟའ་ལྷག་པའི་ཉིན། ཨ་རིའི་སྲིད་འཛིན་(Trump)་མཆོག་དང་རྒྱ་ནག་གི་སྲིད་བློན་གཞོན་པ་(Liu He)་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་རིམ་པ་དང་པོའི་ཚོང་འབྲེལ་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་རྗེས། རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་གི་རྒྱལ་ཡོངས་སྡོམ་རྩིས་ལས་ཁུངས་ནས་༢༠༡༩་ལོའི་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་སྡོམ་རྩིས་ཕྱིར་བསྒྲགས་བྱས་ཡོད་པ་རེད།  སྡོམ་རྩིས་དེའི་ནང་འདས་པའི་ལོའི་ནང་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་དེ་བརྒྱ་ཆ་༦་དང་གྲངས་ཆུང་གཅིག་བྱུང་ཡོད་པ་དང་། སྤྱིར་གྲངས་ཚད་དེ་རྒྱ་ནག་གཞུང་དང་འཛམ་གླིང་དངུལ་ཁང་ལ་སོགས་པའི་སྔོན་དཔག་དང་འདྲ་མཚུངས་ཡིན་ཡང་། དེ་སྔའི་འཕེལ་རིམ་དང་བསྡུར་ཚེ་སྤྱི་ལོ་༡༩༩༠་ནས་བཟུང་ལོ་ངོ་༣༠འི་ནང་རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་དམའ་ཤོས་དེ་ཆགས་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ཡོངས་སྡོམ་རྩིས་ལས་ཁུངས་ཀྱིས་གསལ་བསྒྲགས་ལ་གཞིགས་ན། ༢༠༡༨་ལོར་རྒྱ་ནག་ནང་བཟོ་ལས་ཀྱི་ཐོན་སྐྱེད་བརྒྱ་ཆ་༦་དང་གྲངས་ཆུང་༢་ཡིན་ཡང་ ༢༠༡༩་ལོར་དེ་ལྟར་བརྒྱ་ཆ་༥་དང་གྲངས་ཆུང་༧ལས་བྱུང་མེད་པ་དང་། དེ་བཞིན་༢༠༡༨་ལོར་སིལ་ཚོང་གྱི་འཕེལ་ཚད་བརྒྱ་ཆ་༩་བྱུང་པ་དེ་ལྟར་ ༢༠༡༩་ལོར་བརྒྱ་ཆ་༨་ལས་བྱུང་མེད་པ་རེད།
རྒྱ་ནག་གི་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་ཀྱི་འཕར་ཚད་དམའ་རུ་སོང་བ་དེ་གནད་དོན་མང་པོར་ཐུག་ཡོད་པ་དང་། དེའི་ཁྲོད་ཨ་རི་དང་ཚོང་དམག་གི་གནས་སྟངས་ལས་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་ལ། འཛམ་གླིང་དངུལ་ཁང་གི་སྙན་ཐོ་ལྟར་ན། རྒྱ་ནག་དང་ཨ་རི་བར་ལོ་ངོ་༢་ཙམ་རིང་ཚོང་དམག་གི་གནས་སྟངས་འོག ཨ་རི་གཞུང་ནས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་ལ་སྒོ་ཁྲལ་སྤར་ཆ་བྱས་པ་དེས་རྒྱ་ནག་གི་ཕྱིར་འདྲེན་ལ་དོ་ཕོག་བྱུང་ནས་རང་བཞིན་གྱིས་རྒྱལ་ནང་གི་ཐོན་སྐྱེད་ལའང་ཤུགས་རྐྱེན་བྱུང་ཡོད་པ་གསལ་འདུག
ཡང་དཔལ་འབྱོར་དབྱེ་ཞིབ་པ་ཚོས། རྒྱ་ནག་རྒྱལ་ཡོངས་སུ་མི་འབོར་འགྱུར་འགྲོས་ལ་བརྟེན་ནས་དཔལ་འབྱོར་འཕེལ་ཚད་ལ་དོ་ཕོག་ཐེབས་ཀྱི་ཡོད་ཅིང་། དེ་ཡང་རྒྱ་ནག་ནང་ལོ་ན་རྒས་པའི་མི་འབོར་ཤིན་ཏུ་མང་བ་དང་། ལས་ཀ་ལས་མཁན་གྱི་མིའི་གྲངས་འབོར་ཉུང་དུ་འགྲོ་ཡི་ཡོད་པ་སོགས་རྒྱུ་མཚན་ལུང་འདྲེན་བྱས་འདུག་ལ། ད་ལྟའི་གནས་ཚུལ་ལྟར་ན། རྒྱ་ནག་ནང་ཕྲུ་གུའི་སྐྱེས་ཚད་ཉུང་དུ་འགྲོ་བཞིན་ཡོད་མེད་ལ་མ་བལྟོས་བར་ད་ལྟའི་མི་འབོར་དུང་ཕྱུར་བཅུ་བཞི་བར་འཕར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།