ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་བདུན་པ་གནང་འདུག

2019-08-08
གློག་འཕྲིན།
མཆན།
Share
པར་བཀོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་བདུན་པ་ཚོགས་གནང་སྐབས། ༢༠༡༩།༨།༨
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་བདུན་པ་ཚོགས་གནང་སྐབས། ༢༠༡༩།༨།༨
ཆེས་མཐོའི་ཁྲིམས་ཞིབ་ཁང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པའི་དངོས་དོན་བདུན་པ་དང་འབྲེལ་བའི་ཞིབ་གཅོད་ཉན་ཞིབ་ཐེངས་བདུན་པ་དེ་གནང་ཡོད་པ་རེད།
ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་གི་གྱོད་དོན་ཐད་ཀྱི་དངོས་དོན་བདུན་པའི་ཞིབ་གཅོད་ཉན་ཞིབ་ཉིན་གཉིས་པ་དེ་ཕྱི་ཟླ་ ༨ ་ཚེས་ ༨ ་ཉིན་སྐོང་ཚོགས་གནང་ཞིང་། འདི་ནི་ཞུ་རྩ་ ༤་༡༠ ནང་གསེས་ཁ་པ་སྟེ་རྩོད་ལན་པ་སྲིད་སྐྱོང་བློ་བཟང་སེངྒེ་བརྒྱུད་བཀའ་ཤག་གིས། ཞུ་སྦྱོར་བ་ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གཙོ་པའི་ས་ཁུལ་ག་བར་ཕེབས་ཀྱང་སྲིད་སྐྱོང་དང་བཀའ་ཤག་ལ་དམའ་འབེབས་ཀྱི་གཏམ་གླེང་བྱ་རྒྱུ་འཆར་ཅན་ལྟ་བུ་བྱེད་བཞིན་ཡོད་པ་ཞེས་པའི་གྱོད་དོན་ལ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་ཞེས་པའི་གནད་དོན་དེ་ཡིན་ཞིང་། ཁྲིམས་ཁང་ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནས་ཆེད་དུ་བཅར་བའི་རྩོད་ལེན་པའི་དཔང་པོ་མགོན་པོ་ཚེ་རིང་གིས།  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་ལ་གུས་བརྩི་མེད་པའི་རྣམ་པ་མང་པོ་ཞིག་བསྟན་ཡོད་པའི་སྐོར་བརྗོད་པར། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་དཔང་པོས་སྲིད་སྐྱོང་གི་འཛད་འཆར་སུས་གོ་སྒྲིག་ཞུས་མིན་དང་། ཟླ་དུས་ཚེས་གྲངས་ནོར་བ་སོགས་དངོས་དོན་མ་ཡིན་པའི་གནས་ཚུལ་མང་དག་ཞིག་གསུངས་པ་དེ་ངོས་ལེན་ཞུ་ཐབས་མེད་ལ། དེ་དག་བདེན་པ་ཡང་མིན་པ་གསུངས་པ་དང་། ཞུ་སྦྱོར་བའི་ངོས་ནས་སྲིད་སྐྱོང་མཆོག་ལ་གུས་བརྩི་ཞུས་པ་མ་གཏོགས་དམའ་འབེབས་ཞུས་པ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།  ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཚེས་༧་ཉིན་ཕྱོགས་གཉིས་ཀའི་དཔང་པོ་གཉིས་ཀྱིས་བཤད་པའི་སྐོར་ལ་གྱོད་ཡ་ཕན་ཚུན་དབར་རྩོད་བཤད་བྱ་རིམ་གནང་སྐབས། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་རྩོད་ལན་པས་སྲིད་སྐྱོང་མཆོག་ལ་གུས་པ་ཞུ་སྦྱོར་བས་དམའ་འབེབས་ཇི་ལྟར་ཞུས་མིན་ཁུངས་སྐྱེལ་གནང་ཐུབ་མ་སོང་ཞེས་བརྗོད་སྐབས། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་ཁུངས་སྐྱེལ་ཇི་ལྟར་ཞུས་མིན་ཡིག་ཐོག་ཆ་ཚང་ཕུལ་ཡོད་པ་དེ་རང་ཡིན་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་ཕྱི་ཚེས་ ༨ ་ཉིན་ཁྲིམས་ཁང་གཏུག་བཤེར་ཁང་དུ་རྩོད་ལན་པའི་དཔང་མི་མགོན་པ་ཚེ་རིང་ལགས་ཀྱིས་ཁོང་ས་ཐག་རིང་པོ་ནས་ཆེད་དུ་ཡོང་པ་དང་། སྐད་ཆ་ཤོད་རྒྱུའི་གོ་སྐབས་དགོས་ཚུལ་བརྗོད་པར་ཁྲིམས་ཁང་གིས་འབྲེལ་ཡོད་གནད་དོན་གྱི་ཐོག་རྩོད་ལེན་པ་དང་ཞུ་སྦྱོར་བའི་དྲི་བར་ལན་འདེབས་བྱ་རྒྱུ་ལས་དུས་ཚོད་མཁོ་སྤྲོད་མི་ཐུབ་པ་གསུངས་ཀྱང་། མུ་འཐུད་དུས་ཚོད་དགོས་སྐོར་ཞུས་པར་དུས་ཡུན་སྐར་མ་ལྔའི་དུས་ཚོད་གནང་བར་དེའི་ནང་ཁ་ཆུ་ཨང་ཉི་ཤུ་པ་དང་འབྲེལ་མེད་ཀྱི་གནད་དོན་གླེང་པ་དེ་དག་བརྒྱུད་ལམ་གཞན་ནམ་ཁ་མཆུ་གཞན་ཞིག་གི་ཐོག་ནས་གཏུག་བཤེར་དགོས་པ་ལས་ཐེངས་འདིའི་ཞུ་གཏུག་གི་ལས་རིམ་ནང་རྩིས་མེད་གཏོང་རྒྱུའི་བཀའ་རྩ་བསྒྲགས་གནང་འདུག
ཁ་མཆུ་ཨང་༢༠་མ་ཉེས་ཁ་གཡོག་གི་གྱོད་དོན་ལ་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་ཡོད་པའི་ནང་ནས་ད་བར་དངོས་དོན་བདུན་པ་བར་ཞིབ་གཅོད་ཉན་ཞིབ་འགྲུབ་ཡོད་ཅིང་། དེ་འཕྲོས་དངོས་དོན་བརྒྱད་པ་དང་། ཁྲིམས་དོན་དང་པོ་དང་གཉིས་པ་བཅས་ཀྱི་ཞིབ་གཅོད་ཉན་ཞིབ་རིམ་བཞིན་བསྐོང་ཚོགས་གནང་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།