ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ཉམས་ལེན་མཇུག་སྐྱོང་གི་བཀའ་ཁྱབ་བཏང་བ།

2019-11-23
གློག་འཕྲིན།
མཆན།
Share
པར་བཀོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་།
Photo: RFA

བྱང་ཨ་མི་རི་ཀའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་འབྲེལ་བཀའ་ཤག་གིས་གསལ་བཤད་དོན་ཚན་བཅུ་གནང་ཡོད་པ་སྤེན་པ་ཚེ་རིང་གིས་ཁོང་ལ་མ་ཉེས་ཁག་གཡོགས་བྱས་ལུགས་བཀའ་ཤག་ལ་ཁ་མཆུ་བཙུགས་ཏེ་ཡོངས་གྲགས་ཁ་མཆུ་ཨང་ ༢༠ ཞེས་འབོད་པ་དེར། བར་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་ཕྱིར་བསྒྲགས་བྱས་པའི་ནང་། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་དགོངས་སེལ་ཞུ་ཡིག་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་ལམ་ཁག་ཏུ་འདོན་འགྲེམས་ཀྱིས། ཡིག་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་ལུགས་གསལ་ཡོད་ཅིང་། ཞུ་སྦྱོར་པ་སྤེན་པ་ཚེ་རིང་གིས་བཀའ་ཤག་གིས་བཅད་ཁྲའི་བཀོད་ཁྱབ་ཀྱི་དོན་ཚན་གསུམ་ལས་དོན་ཚན་གཉིས་པ་ཞུ་སྦྱོར་བའི་ཁྲིམས་རྩོད་པར་གླ་ཡོན་ཕུལ་ཏེ། བཀའ་ཤག་གིས་ཉམས་ལེན་ཞུས་པ་མ་གཏོགས། གཞན་དོན་ཚན་དང་པོ་དང་གསུམ་པ་གཉིས་བཅད་ཁྲའི་འབྲུ་དོན་བཞིན་དུས་ཐོག་ཉམས་ལེན་གནང་མེད་ཅེས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅད་ཁྲ་ཉམས་ལེན་མཇུག་སྐྱོང་ཡོང་བར་སྙན་ཞུ་ཕུལ་ཡོད་པར་བརྟེན། སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་ཉམས་ལེན་མཇུག་སྐྱོང་གི་བཀའ་ཁྱབ་ཞིག་བཏང་ཡོད་པའི་ནང་། རྩོད་ལན་པས་བཅད་ཁྲའི་ནང་གསལ་བའི་དགོངས་དོན་ཇི་བཞིན་ལག་བསྟར་བྱས་མི་འདུག་པས། རྩོད་ལན་པའི་ངོས་ནས་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ པའི་ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པའི་གོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དགོངས་དོན་འཚེམས་ལུས་མེད་པར་ཇི་མ་ཇི་བཞིན་ལག་བསྟར་ཟིན་པ་དགོས་རྒྱུ་དང་། ཅི་སྟེ་ཉམས་ལེན་ལག་བསྟར་ཇི་བཞིན་མ་ཞུས་ཚེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ དང་ ༦༣། ༩༧ དང་ ༡༠༡ ཡང་ན་ ༡༠༧། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ བཅས་ཀྱི་ནང་གསལ་གཞིར་བཟུང་། བཀའ་ཤག་སྐབས་བཅོ་ལྔ་པའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་ཁར། ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩོད་ལན་པའི་ཁྲིམས་རྩོད་པས་བཅད་ཁྲ་ཁྱབ་བསྒྲགས་བྱས་པའི་ཐད། གསར་འགོད་པར་གཏམ་བཤད་བྱས་པ་དེ་རིགས། ཁྲིམས་ཞིབ་ཁང་ལ་ཁྱད་བསོད་ཀྱི་བཅོས་གསོའི་ཆད་པ་འགེལ་མ་དགོས་པའི་རྒྱུ་མཚན་བརྗོད་རྒྱུའི་ཉན་ཞིབ་ཆེད། ཕྱི་ཟླ་ ༡༢ པའི་ཚེས་ ༦ ཉིན་ཉན་ཞིབ་གནང་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་ཡོད་པ་རེད། རྩོད་ལན་པ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཐོག་ནས། བཅད་ཁྲ་དེ་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་གལ་གནད་ཆེ་བས། བཅད་ཁྲར་བརྩི་འཇོག་ཞུས་པ་ཡིན་ཞེས་བོད་ཡིག་དང་དབྱིན་ཡིག་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་འཁོད་པ་དང་འབྲེལ། བཅད་ཁྲའི་བཀའ་ཁྱབ་པར་བརྒྱབས་ཏེ་ཇི་བཞིན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་སྤྱི་ཟླ་ ༡༡ པའི་ཚེས་ ༡༣ ཉིནའཁོད་པ་དང་ཆབས་ཅིག ཞུ་སྦྱོར་བའི་ཁྲིམས་རྩོད་པ་ལ་བཅད་ཁྲའི་ནང་གསལ་གླ་ཡོན་ཧིན་སྒོར་དགུ་ཁྲི་བརྒྱད་སྟོང་ཡང་ཕུལ་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།