ལ་དྭགས་ནས་བོད་རིགས་དམག་དཔོན་ཞིག་འབར་གས་ཁྲོད་རྐྱེན་འདས་སུ་ཕྱིན་འདུག

2020-09-01
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་། ༢༠༢༠།༩
རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་། ༢༠༢༠།༩
དྲ་བཤུས་དང་སྒྲིག་བཟོ།

རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ལ་དྭགས་ས་མཚམས་སུ་འབར་རྫས་གས་ཐོར་གི་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་པ་དང་ཡང་བོད་པའི་དམག་གཞན་ཞིག་ལ་རྨས་སྐྱོན་ཕོག་འདུག
རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་དུ་རྒྱ་གར་དང་རྒྱ་ནག་དབར་མཐའ་མཚམས་ཐད་རྩོད་རྙོག་རིམ་པར་བྱུང་བཞིན་ཡོད་པའི་ཁྲོད། རྒྱ་གར་གྱི་ངོས་ནས་རང་ཉིད་ཀྱི་རྒྱལ་སྲུང་ཆེད་མཐའ་སྲུང་དམག་མིའི་གྲངས་འབོར་ཡང་ཇེ་མང་དུ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་གར་བྱང་ཕྱོགས་(Uttarakhand)་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་དམིགས་བསལ་མདུན་སྐྱོན་དམག་དཔུང་ངམ་(Special Frontier Force)་འམ་ཡོངས་གྲགས་སུ་ཊུ་ཊུ་དམག་སྡེ་ཡང་མཐའ་སྲུང་ཆེད་རྒྱ་གར་གཞུང་གིས་ལ་དྭགས་སུ་འགྲེམས་འཇོག་བྱེད་ཀྱི་ཡོད་འདུག
དེའི་ནང་བོད་པའི་དྭངས་ཞབས་དམག་མི་ཁག་ཅིག་ཡོད་པའི་ནང་ནས་བརྒྱ་ཤོག་བདུན་པའམ་་Vikas  བདུན་པའི་མེ་ཏོག་གཉིས་ཅནགྱི་གོ་གནས་ཡོད་པའི་བོད་རིགས་ཉི་མ་བསྟན་འཛིན་ལགས་ཞུ་བ་ཞིག སྤྱི་ཟླ་༨་པའི་ཚེས་༣༠་ཉིན་གྱི་དགོང་མོ་ཆུ་ཚོད་༨་པ་ཙམ་ལ་མཐའ་མཚམས་ས་ཁུལ་དུ། སྐོར་སྲུང་བྱེད་པའི་སྐབས་འབར་རྫས་གས་ཏེ་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ལ་དྭགས་བོད་མིའི་ས་གནས་འགོ་འཛིན་ཚེ་བརྟན་དབང་ཕྱུགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་འབར་རྫས་འཐོར་ཁྲོད་རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་ཕྱིན་པ་དང་། དྭང་ཞབས་བོད་རིགས་དམག་མི་གཞོན་སྐྱེས་ཤིག་ལ་རྨས་སྐྱོན་ཚབ་ཆེན་ཕོག་སྟེ། ལ་དྭགས་སུ་ཡོད་པའི་དམག་མིའི་སྨན་ཁང་དུ་ཛ་དྲག་གི་སྨན་བཅོས་བྱེད་ཡོད་པ་དང་། འདས་པོ་དང་རྨས་མ་ཁོང་གཉིས་ཀ་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
འབར་རྫས་འཐོར་སའི་ལ་དྭགས་དཔལ་མགོན་མཚོའི་ལྷོ་ངོས་ཀྱི་ས་ཁུལ་ཞིག་ཏུ་ཡིན་པ་ལས། འབར་རྫས་དེ་སུས་བཞག་ཡོད་པ་དང་། ག་དུས་བཞག་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་འབྲེལ་ཡོད་ཚོས་གསལ་བཤད་བྱས་མེད་པ་རེད།
དམིགས་བསལ་མདུན་སྐྱོན་དམག་དཔུང་ངམ་(Special Frontier Force)་དེ་བཞིན་རྒྱ་གར་གྱི་གསང་བའི་སྡེ་བྱེ་བྲག་པ་ཞིག་གི་འོག་གནས་ཡོད་ཅིང་། དེའི་ནང་གི་དམག་ཞབས་པ་ཚོ་ནི་བོད་པ་དང་གོར་ཁའི་མི་རིགས་གཙོ་བོ་་ཆགས་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་འདུག
ཉི་མ་བསྟན་འཛིན་ལགས་ནི་ལོ་ ༥༡ ་ཡིན་འདུག་པ་དང་། རྒྱ་གར་དྭང་ཞབས་དམག་གི་ནང་ལོ་ ༣༣ ཙམ་ལས་ཀ་བྱས་འདུག ཁོང་ལ་བུ་ཕྲུག་གསུམ་ཡོད་འདུག ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ད་ལྟའི་ཆར་ཁོང་གི་ཁྱིམ་ཚང་དུ་ཡོད་འདུག་ཅིང་། ཕྱི་ཟླ་ ༩ ་ཚེས་ ༧ ་རེས་གཟའ་ཟླ་བའི་ཉིན་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།