རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གློ་བུར་ལ་དྭགས་མཐའ་མཚམས་སུ་གཟིགས་སྐོར་གནང་འདུག

2020-07-03
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ལ་དྭགས་མཐའ་མཚམས་སུ་གཟིགས་སྐོར་སྐབས། ༢༠༢༠།༧།༣
རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ལ་དྭགས་མཐའ་མཚམས་སུ་གཟིགས་སྐོར་སྐབས། ༢༠༢༠།༧།༣
BJP/twitter

རྒྱ་གར་གྱི་སྲིད་བློན་མཆོག་རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་རྩོད་རྙོག་བྱུང་ཡུལ་ལ་དྭགས་མཐའ་མཚམས་སུ་ཕེབས་ཏེ་རྒྱ་བསྐྱེད་ནི་དུས་ཚོད་ཡོལ་ཟིན་པ་དང་ད་ལྟ་ཡར་རྒྱས་ཀྱི་དུས་རབས་ཡིན་ཞེས་རྒྱ་ནག་གཞུང་ལ་གསལ་འདེབས་གནང་འདུག
རྒྱ་ནག་དང་རྒྱ་གར་གཉིས་བར་རྒྱ་གར་ལ་དྭགས་ཀྱི་ས་ཁོངས་སུ་ས་མཚམས་རྩོད་རྙོག་བྱུང་བཞིན་པའི་སྐབས་འདིར། རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra Modi)་མཆོག་སྤྱི་ཟླ་༧་པའི་ཚེས་༣་ཉིན་གློ་བུར་ལ་དྭགས་མཐའ་མཚམས་སུ་ཕེབས་ནས་མཐའ་མཚམས་དམག་སྒར་ལ་གཟིགས་སྐོར་དང་། ཉེ་སྔོན་རྒྱ་དཀར་ནག་གི་དམག་མི་གདོང་ཐུག་དམར་འཛིང་སྐབས་ཀྱི་གནས་ཚུལ་ལ་རྒྱུས་ལོན། སྐབས་དེར་རྨས་སྐྱོན་ཕོག་པའི་དམག་མི་ཚོར་ཐུག་འཕྲད་ཁམས་འདྲི་སོགས་གནང་འདུག་ལ། སྐབས་དེར་སྲིད་བློན་མཆོག་གིས་རྒྱ་བསྐྱེད་ནི་དུས་ཚོད་ཡོལ་ཟིན་པ་ཞིག་དང་། ད་ལྟ་ནི་ཡར་རྒྱས་ཀྱི་དུས་རབས་ཤིག འབྱུང་འགྱུར་ནི་ཡར་རྒྱས་སུ་ཕྱོགས་ཡོད་པ། རྒྱ་བསྐྱེད་རིང་ལུགས་པ་ཚོ་ནི་རྩ་སྟོང་ཕྱིན་ཟིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་ཅེས། རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱ་ནག་ལ་གསལ་འདེབས་གནང་ཡོད་པ་རེད།
ད་དུང་རྒྱ་གར་གྱི་སྲིད་བློན་མཆོག་གིས། ཁོང་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་གསལ་སྟོན་གནང་ཡོད་པ་ནི། རྒྱ་ནག་དང་ས་མཚམས་ཀྱི་རྩོད་རྙོག་ཐོག་རྒྱ་གར་གྱིས་ཧ་ཅང་ནན་ཏན་གནང་གི་ཡོད་ཁར། ཆབ་སྲིད་དང་དམག་དོན་གྱི་འགོ་ཁྲིད་གཉིས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་གི་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད་ཅེས། རྒྱ་གར་གྱི་དམག་སྤྱི་ཟུར་པ་(B K Sharma)་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཡང་ཁོང་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གསལ་བ་གཞིར་བཟུང་ན། གནས་ཚུལ་འདིའི་ཐོག་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་འགན་ཁུར་ལེན་སྟངས་ཐོག རྒྱ་ནག་མི་མང་དང་དམིགས་བསལ་དམག་མི་ཟུར་པ་དང་དེའི་ནང་མི་སོགས་མི་དགའ་བ་བྱེད་མཁན་མང་པོ་འཐོན་བཞིན་པ་དང་། རྒྱ་གར་ལ་དམག་འཁྲུག་རྒྱག་རྒྱུའི་འདོད་བབས་མེད་ནའང་། གལ་ཏེ་རྒྱ་ནག་གིས་ཕྱིར་འཐེན་མ་བརྒྱབ་པར། དྲག་པོའི་ཐབས་ལམ་མ་གཏོགས་མེད་པར་གྱུར་ཚེ། རྒྱ་གར་གྱི་ངོས་ནས་གྲ་སྒྲིག་ཆ་ཚང་གནང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་གྱི་(BJP)་ཆབ་སྲིད་ཚོགས་པའི་འགོ་ཁྲིད་(Santhosh)་ལགས་ཀྱིས་གཟའ་པ་སངས་ཉིན། སྲིད་བློན་མོ་དྷི་མཆོག་གིས་རྨས་སྐྱོན་ཕོག་པའི་རྒྱ་གར་གྱི་དམག་མི་དང་མཇལ་འཕྲད་གནང་རྒྱུ་དང་། མཐའ་མཚམས་ས་གནས་སུ་གཟིགས་སྐོར་བྱས་ནས་རྒྱ་གར་གྱི་དམག་མིའི་སེམས་ཤུགས་དང་སྙིང་སྟོབས་ལ་བསྔགས་བརྗོད་ཐོབ་ཀྱི་རེད་ལ། སྲིད་བློན་མཆོག་མཐའ་མཚམས་དམག་མི་ཚོའི་མདུན་དུ་ཕེབས་མས་གཏམ་བཤད་གནང་རྒྱུ་ཡིན་ལུགས་སོགས་སྤྱི་ཚོགས་དྲ་ལམ་ལ་གནས་ཚུལ་སྤེལ་འདུག
ཉེ་སྔོན་རྒྱ་ནག་དཀར་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་སྟེ། རྒྱ་གར་གྱི་དམག་མི་༢༠་རྐྱེན་ལམ་དུ་སོང་བ་དང་། རྒྱ་ནག་གི་ཕྱོགས་ནས་དམག་མི་ག་ཚོད་ཤི་རྨས་བྱུང་བ་སྦས་གསང་བྱས་ཡོད་པའི་སྐབས་འདིར། ཉིན་ཤས་གོང་རྒྱ་གར་གཞུང་གིས་རྒྱ་ནག་གིས་བཟོས་བའི་ཁ་པར་མཉེན་ཆས་མ་ལག་༥༩་སྒོ་བརྒྱབས་ཡོད་པ་མ་ཟད། རྒྱ་གར་ནང་རྒྱ་ནག་གི་ཅ་དངོས་བཀག་སྡོམ་བྱེད་པའི་ལས་འགུལ་ཀྱང་གང་སར་མཆེད་བཞིན་པ་རེད།
ད་རེས་སྲིད་བློན་མཆོག་གི་འཚམས་གཟིགས་སྐབས། རྒྱ་གར་གྱི་དམག་དཔོན་(Bipin Rawat)་ལགས་དང་། དམག་སྤྱི་(Naravane)་སོགས་ཀྱང་མཉམ་དུ་ཕེབས་ཡོད་པ་དང་། དེ་ནི་ཉེ་སྔོན་ལ་དྭགས་མཐའ་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་དམར་འཛིང་བྱུང་བའི་རྗེས་སུ། རྒྱ་གར་གྱི་ཆེས་མཐོའི་མགོ་ཁྲིད་ས་མཚམས་སུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།