ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཡིན་པར་ངོས་ལེན་གནང་དགོས་བའི་འབོད་སྐུལ།

2020-06-18
གློག་འཕྲིན།
མཆན།
Share
པར་བཀོད།
བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནས་འབོད་སྐུལ་བསྒྲགས་གཏམ་སྤེལ་སྐབས། ༢༠༢༠།༦།༡༨
བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནས་འབོད་སྐུལ་བསྒྲགས་གཏམ་སྤེལ་སྐབས། ༢༠༢༠།༦།༡༨
RFA/Dhasa

བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གར་གཞུང་དམངས་ལ་རྒྱབ་སྐྱོར་དང་རྒྱལ་སྤྱི་དང་རྒྱ་གར་གཞུང་གིས་བོད་རང་བཙན་ཡིན་པར་ངོས་ལེན་གནང་རོགས་ཞེས་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནས་འབོད་སྐུལ་གནང་འདུག
ཉེ་ཆར་རྒྱ་གར་ལ་དྭགས་ཀྱི་གྷལ་ཝན་ལུང་གཞུང་གི་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ། རྒྱ་གར་དང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་བར་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་དམག་མི་༢༠་རྐྱེན་ལམ་དུ་ཤོར་བ་དང་། རྒྱ་ནག་གི་དམག་མི་༤༠་ལྷག་ཤི་རྨས་བཏང་ཚུལ་རྒྱ་གར་གཞུང་གིས་བསྒྲགས་ཡོད་པ་རེད། དེ་དང་འབྲེལ་རྒྱ་གར་རྡ་རམ་སཱ་ལར་སྤྱི་ཟླ་༦་པའི་ཚེས་༡༨་ཉིན། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནས་གསར་འགོད་གསལ་བསྒྲགས་སྤེལ་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། དཀའ་ངལ་གྱི་དུས་ཚོད་འདིར་བོད་མིའི་སྤྱི་ཚོགས་ནི་རྒྱ་གར་གཞུང་དམངས་ཀྱི་རྒྱབ་ཏུ་ལངས་ཡོད་པ་དང་། རྒྱ་གར་གྱི་མངའ་ཁོངས་སུ་རྒྱ་ནག་ཧམ་འཛུལ་བྱས་པར་ངོ་རྒོལ་ཡོད་པའི་བརྡ་ལན་གསལ་བོ་གཏོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་བསྒྲགས་གཏམ་སྤེལ་ནས། རྒྱ་གར་གྱི་དམག་མིའི་བློ་སྟོབས་ལ་གུས་བརྩི་དང་རྐྱེན་ལམ་དུ་ཤོར་བ་རྣམ་པའི་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་བསྐྱེད་དང་ཆབས་ཅིག རྒྱལ་སྤྱི་དང་རྒྱ་གར་གཞུང་གིས་ལོ་རྒྱུས་ཐོག་བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པར་ངོས་ལེན་བྱེད་དགོས་པ་དང་། རྒྱ་ནག་གི་ཐོན་རྫས་ཉོ་ཚོང་བཀག་སྡོམ་དགོས་པའི་འབོད་སྐུལ་ཀྱང་གནང་ཡོད།
འབོད་སྐུལ་དོན་ཚན་བཞི་ཡོད་པའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་རྒྱ་དམར་དམག་དཔུང་གིས་རྒྱ་གར་ས་ཐོག་བཙན་འཛུལ་བྱས་པར་ཛ་དྲག་སྐྱོན་བརྗོད་དགོས་པ་དང་། རྒྱ་གར་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་རང་བཙན་ཡིན་པར་ངོས་ལེན་གནང་དགོས་པ། ངེས་པར་བོད་དང་ཡུ་གུར། ཧོང་ཀོང་དང་ལྷོ་སོག་པོ། ཐེ་ཝན་བཅས་ཀྱི་མི་མང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་མི་སེར་སྤེལ་བའི་རིང་ལུགས་དང་རྒྱ་བསྐྱེད་རིང་ལུགས་ལ་ངོ་རྒོལ་བྱ་དགོས་པ། རྒྱ་གར་མི་མང་གིས་རྒྱ་ནག་གི་ཐོན་རྫས་བཀག་འགོག་ལས་འགུལ་ནང་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་ཞུགས་གནང་སྟེ། རྒྱ་ནག་གཞུང་ལ་དཔལ་འབྱོར་གནོན་ཤུགས་སྤྲོད་དགོས་པ་བཅས་འཁོད་འདུག།
མཇུག་ཏུ་ཚོགས་པ་ཁག་ལྔ་ཡི་སྐུ་ཚབ་རྣམ་པའི་ལག་ཏུ་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་དང་། བོད་ཀྱི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པ་སོགས་འཁོད་པའི་ཤོག་བྱང་བཟུང་སྟེ། ཁོང་ཚོའི་དགོས་འདུན་རྣམས་འབོད་སྐུལ་གྱི་རྣམ་པ་མཚོན་པར་བྱས་ཡོད།
སྐབས་དེར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རྒྱ་ནག་གི་རྒྱལ་དར་ནི་བཙན་རྒྱལ་རིང་ལུགས་དང་རྒྱ་བསྐྱེད་རིང་ལུགས་ཀྱི་མཚོན་རྟགས་ཤིག་ཡིན་ཞེས། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་བ་དང་འབྲེལ་རྒྱ་ནག་གཞུང་གིས་ཁོང་གི་ཕ་ཡུལ་གཉིས་པ་རྒྱ་གར་ལ་བཙན་འཛུལ་བྱས་པ་མ་ཟད། རྒྱ་གར་གྱི་དམག་མི་ཤི་རྨས་བཟོས་པ་ལ་ང་ཚོས་བཟོད་སྒོམ་གནང་ཐབས་མེད་ཅེས། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཤུགས་ཆེ་གནང་སོང་།
གོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཡིན་པ་དང་། རྒྱ་གར་ལ་དྭགས་གྷལ་ཝན་ས་གནས་སུ་རྒྱ་གར་གྱི་དམག་མི་༢༠རྐྱེན་ལམ་དུ་ཤོར་བ་ནས། རྒྱ་གར་ནང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རྒྱ་ནག་གི་ཐོན་རྫས་བཀག་སྡོམ་དགོས་པའི་ལས་འགུལ་ཤུགས་ཆེར་འགྲོ་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།