ནིའུ་ཡོག་ནས་བོད་རིགས་ཉེན་རྟོག་པ་ཞིག་རྒྱ་མིའི་གསང་ཉུལ་གྱི་དོགས་གཞིའི་འོག་འཛིན་བཟུང་།

2020-09-21
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་རིགས་ཉེན་རྟོག་པ་པད་མ་དར་རྒྱས་ངག་དབང་ཞེས་པས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཆེད་ལས་དོན་སྤེལ་བའི་ཉེས་མིང་འོག་འཛོན་བཟུང་དོ་དམ་བྱེད་ཡོད་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་རིགས་ཉེན་རྟོག་པ་པད་མ་དར་རྒྱས་ངག་དབང་ཞེས་པས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཆེད་ལས་དོན་སྤེལ་བའི་ཉེས་མིང་འོག་འཛོན་བཟུང་དོ་དམ་བྱེད་ཡོད་འདུག
ངོ་དེབ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གི་བོད་རིགས་ཉེན་རྟོག་པ་པད་མ་དར་རྒྱས་ངག་དབང་ཞེས་པས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཆེད་ལས་དོན་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཉེན་རྟོག་པའི་ལས་ཀ་བྱེད་བཞིན་པ་དང་། དེ་སྔ་ཨ་མི་རི་ཀའི་ས་དམག་གི་དམག་ཞབས་ཁོངས་སུ་ཞུགས་མྱོང་མཁན་ལོ་ན་༣༣་ཡིན་པའི་བོད་རིགས་པད་མ་དར་རྒྱས་ངག་དབང་ཞེས་པ་ཞིག་ཕྱི་ཟླ་ ༩ ་ཆེས་ ༢༡ ་གཟའ་ཟླ་བའི་ཉིན་འཛིན་བཟུང་དོ་དམ་བྱས་ཡོད་འདུག
ཨ་རིའི་ས་གནས་གཞུང་གི་ཁྲིམས་རྩོད་པས་ཁྲིམས་དཔོན་ལ་ཁོ་པར་གན་རྒྱའི་གཏའ་མ་བཞག་ཏེ་འཕྲལ་སེལ་གློད་བཀྲོལ་མི་གཏོང་རོགས་ཞེས་ཞུས་ཡོད་འདུག གལ་སྲིད་ནག་ཉེས་ར་འཕྲོད་ཐུབ་པ་བྱུང་བ་ཡིན་ན། ལོ་ངོ་ ༥༥ ་ཙམ་བཙོན་བཅུག་གི་ཉེས་ཆད་ཕོག་སྲིད་པ་ཡིན་འདུག གོང་དུ་ཞུས་པའི་བོད་རིགས་པད་མ་དར་རྒྱས་ངག་དབང་གི་ཕ་མ་གཉིས་ཀ་རྒྱ་ནག་གཞུང་གི་ལས་བྱེད་བྱེད་མྱོང་མཁན་དང་གཅུང་པོ་ནི་རྒྱ་ནག་བཅིངས་བཀྲོལ་དམག་མིའི་ཁོངས་སུ་ཡོད་མུས་ཡིན་པ་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་མང་པོས་གནས་ཚུལ་སྤེལ་འདུག པད་མ་དར་རྒྱས་ངག་དབང་ཞེས་པ་འདི་བཞིན་ཐོག་མར་ཨ་རིའི་ནང་བོད་ནས་སློབ་སྦྱོང་ཆེད་སླེབས་འབྱོར་བྱུང་བ་དང་། རིམ་པས་བོད་ནང་ཁོ་པ་འཛིན་བཟུང་བྱས་ཡོད་ལུགས་སོགས་ལོ་རྒྱུས་བཤད་པའི་ཐོག་ནས་སྐྱབས་བཅོལ་ཞུས་ཡོད་འདུག དེ་ནས་ལོ་ཤས་ནང་ཚུད་ཨ་མི་རི་ཀའི་ས་དམག་གི་དམག་ཞབས་ཁོངས་སུ་ལོ་དུས་རྒྱས་བཅད་ཀྱི་འཛུལ་ཞུགས་བྱས་པ་དང་། དེའི་རྗེས་སུ་གྲོང་ཁྱེར་ནིའུ་ཡོག་ནང་ཉེན་རྟོག་པའི་ལས་རིགས་ནང་འཛུལ་ཏེ་ད་ལྟའི་ཆར་ཉེན་རྟོག་པའི་ལས་ཀ་བྱེད་མུས་ཡིན་འདུག འོན་ཀྱང་ཁོ་པར་ཉེས་འཛུགས་བྱས་པའི་ནང་། ཕྱི་ལོ་ ༢༠༡༤་ཙམ་ནས་ཁོ་པས་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་གི་ལས་བྱེད་གཉིས་ཙམ་དང་འབྲེལ་བ་བྱས་ནས་བོད་མི་ཚོའི་ཐོག་སོ་ལྟ་བྱས་ནས་གནས་ཚུལ་ཁྲིམས་འགལ་གྱི་ཐོག་ནས་གཞུང་ཚབ་ལས་བྱེད་པར་མཁོ་སྤྲོད་བྱེད་བཞིན་ཡོད་པ་ནི་ཕན་ཚུན་ཁ་པར་ཐོག་ནས་ཐེངས་བརྒྱ་ཙམ་འབྲེལ་བ་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག དེས་མ་ཟད་ཁོ་པ་རང་ཉིད་ཀྱང་རྒྱ་ནག་གཞུང་གི་དྲག་གནོན་སྡུག་སྦྱོང་བཏང་བའི་རྐྱེན་གྱིས་ཨ་རིའི་ནང་སྐྱབས་བཅོལ་ཞུས་ཡོད་ཀྱང་། བོད་ནང་ཐེངས་འགའ་ཤས་འགྲུལ་བསྐྱོད་བྱས་པའི་སྐོར་ཡང་བཀོད་འདུག ད་དུང་ཨ་རིའི་གསར་ཁང་ཆེ་ཁག་(CNBC)་དང་(Bloomberg)་བཅས་ནང་གསལ་བ་ལྟར་ན། ཁོ་པ་ཨ་རིའི་ཉེན་རྟོག་པ་ཡིན་པའི་གཞུང་འབྲེལ་གྱི་གོ་གནས་བེད་སྤྱད་ནས་རྒྱ་ནག་གི་གཞུང་ཚབ་ཁང་གི་མི་སྣ་ནེའུ་ཡོག་ཉེན་རྟོག་པའི་མཛད་སྒོའི་ཐོག་གདན་ཞུས་ཀྱིས་ཉེན་རྟོག་དཔོན་རིགས་མཐོ་གྲས་ཚོ་དང་ཐུག་འཕྲད་བྱེད་བཅུག་ཡོད་ཚུལ་ཡང་བརྗོད་འདུག
ད་དུང་༢༠༡༦་ལོར་ཁོང་གིས་ཨ་སྒོར་འབུམ་གཅིག་དང་ཕྱེད་ཀ་རྒྱ་ནག་ནང་ཡོད་པའི་ཁོ་པའི་སྤུན་མཆེད་ཞིག་དང་། གཞན་ཞིག་གི་མིང་ཐོག་ཡོད་པའི་དངུལ་ཁང་ལ་བཏང་ཡོད་འདུག་ལ། དེ་བཞིན་ཡང་རྒྱ་ནག་ནས་ཁོ་པར་ཐད་ཀར་ཚུར་དངུལ་འབོར་ཆེན་པོ་ཐེངས་མང་འབྱོར་ཡོད་པ་ཡིག་ཆའི་ནང་འཁོད་ཡོད་པ་དང་། ད་ཐེངས་ཁོ་པའི་ནག་ཉེས་དང་འབྲེལ་ཨ་རིའི་གསང་བའི་ལས་ཁུངས་དང་ནིའུ་ཡོག་གྲོང་ཁྱེར་ཉེན་རྟོག་པ་ནང་ཁུལ་གསང་བའི་ཐོག་ཟུང་འབྲེལ་གྱི་ཐོག་ནས་ཞིབ་འཇུག་བྱེད་བཞིན་པ་བརྗོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།