དང་བླངས་དཔྱ་དངུལ་འབུལ་སྟབས་བདེ་རུ་གཏོང་ཐབས་གནང་བཞིན་ཡོད།

2019-09-24
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༢༢
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༢༢
RFA

དང་བླངས་དཔྱ་དངུལ་བསྡུ་ཕྱོགས་ཚགས་ཚུད་གཏོང་སླད་དྲ་རྒྱ་བརྒྱུད་སྤྲོད་ཐབས་ཀྱི་སྔོན་འགྲོའི་གྲ་སྒྲིག་བྱས་ཡོད་པ་དཔལ་འབྱོར་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་གསུངས་འདུག
འདི་ཚེས་༢༤་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པའི་ཐོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་ལོ་༢༠༡༨-༡༩་ལོའི་ལས་བསྡོམས་བསྡུས་པ་སྙན་སྒྲོན་ཞུས་པའི་ཐོག སྤྱི་འཐུས་རྣམ་པས་སྤྱི་ཡོངས་བགྲོ་གླེང་གནང་པའི་བཀའ་ལན་དུ་དཔལ་འབྱོར་བཀའ་བློན་མཆོག་ནས་བཙན་བྱོལ་བོད་མི་ཚོས་དང་བླངས་དཔྱ་དངུལ་འབུལ་བདེ་དང་ཚགས་ཚུད་སླད་དེ་སྔ་ནས་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་དྲ་རྒྱ་བརྒྱུད་འབུལ་རྒྱུ་དཔལ་འབྱོར་ལས་ཁུངས་ནས་སྔོན་འགྲོའི་གྲ་སྒྲིག་ཆ་ཚང་ཟིན་ཡོད་ཅེས་དང་།
བཀའ་ཤག་གི་ངོས་ནས་དང་བླངས་དཔྱ་དངུལ་གྱི་གནད་དོན་དེ་དངུལ་བབས་བསྡུ་ལེན་ཙམ་མིན་པར་བོད་ཀྱི་ཆབ་འབངས་མི་སེར་དང་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་སྲ་བརྟན་བཟོ་རྒྱུ་གལ་ཆེ་བར་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དཔལ་འབྱོར་བཀའ་བློན་མཆོག་གིས་དཔལ་འབྱོར་ལས་ཁུངས་ནས་སྔ་རྗེས་མི་མང་གི་དཀའ་ངལ་ལ་གཞིགས་པས་དཔྱའ་དངུལ་ལག་དེབ་བཟོ་ཕྱོགས་ཐད་འགྱུར་བ་རིམ་པ་བཏང་ཡོད་ཀྱང་། ད་དུང་ཡང་ནོར་བཅོས་དང་བོར་བརླག་སོགས་ཀྱི་དཀའ་ངལ་ཞུ་མཁན་མང་དག་ཞིག་ཡོང་གི་ཡོད་པར་སོང་དཔྱ་ཁྲལ་ལག་དེབ་ཀྱི་ཆེ་མཐོང་སྲུང་སྐྱོབ་སླད་རང་བཞིན་དམ་པོ་བྱེད་དགོས་པའི་གནས་སྟངས་ཡོང་བཞིན་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
དཔྱའ་དངུལ་འབུལ་བབས་ཐད་རྒྱ་གར་ནང་ཡོད་པའི་བོད་མི་ཚོའི་དངུལ་བབས་སྤོར་ཆ་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོའི་དངུལ་བབས་གཅོག་ཆ་དགོས་ལུགས་སྤྱི་འཐུས་གྲོས་ཚོགས་སུ་དགོངས་འཆར་བྱུང་ཡང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེ་དོན་གནང་རྒྱུའི་འཆར་གཞི་མེད་པ་ལན་འདེབས་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།