དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པ།

2019-10-07
གློག་འཕྲིན།
མཆན།
Share
པར་བཀོད།
དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པའི་སྐབས། ༢༠༡༩།༡༠།༧
དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པའི་སྐབས། ༢༠༡༩།༡༠།༧
RFA

གལ་ཏེ་མ་འོངས་པར་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགྱུར་བ་ཕྱིན་པ་ཡིན་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡང་བསྐྱར་ཞིབ་དགོས་གལ་ཆེ་བ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་འདུག
རྡ་རམ་སཱ་ལར་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་དང་གཙོ་སྐྱོང་འོག ཟླ་བ་འདིའི་སྤྱི་ཚེས་༧་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་ནང་དུ། དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པ་དེ་བཞིན་འགོ་འཛུགས་ཀྱིས། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་སྐབས། དབུ་མའི་ལམ་གྱི་རྩ་བའི་དམ་བཅའ་གཙོ་བོ་ཞིག་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ལ་སྡོད་ཀྱི་ཡིན་ཞེས་པ་དེ་རེད། འོན་ཀྱང་། གལ་ཏེ་མ་འོངས་པར་རྒྱ་ནག་གཞུང་གི་རྩ་ཁྲིམས་ལ་འགྱུར་བ་ཕྱིན་ཏེ་དེའི་སྒྲོམ་གཞིའི་ནང་སྡོད་མི་ཐུབ་པའི་གནས་སུ་གྱུར་ཚེ། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡང་བསྐྱར་ཞིབ་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་ཧོང་ཀོང་ལ་ཡོད་པའི་དམིགས་བསལ་འཛིན་སྐྱོང་གི་ས་ཁུལ་ལྟ་བུ་ང་ཚོར་འོས་བབ་ཡོད་མིན་དེ་བལྟ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
ད་དུང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་རིགས་ཀྱི་འབྱུང་འགྱུར་གྱི་འདུན་ལམ་ཐག་གཅོད་བྱ་རྒྱུའི་སྲིད་བྱུས་ཞིག་ཡིན་ཞིང་། བོད་ཕྱི་ནང་གཉིས་ཀྱི་ནང་ནས་མང་མོས་ཧ་ཅང་ཚད་མཐོ་ཡོད་པའི་སྲིད་བྱུས་ཞིག་ཡིན་པའི་ཁར། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་ནང་གི་བོད་མི་ཚོར་ཕན་རླབས་ཆེན་པོ་བྱུང་ཡོད་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད།
ཐེངས་འདིར་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པ་དེ་བཞིན་འདུ་བསྐོང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། འབྱུང་འགྱུར་བོད་ཀྱི་མདུན་ལམ་དེ་ཡང་དག་པ་ཞིག་ཡོང་སླད་ཡིན་པ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད།
ཡང་སྐབས་དེར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ལ་དོ་སྣང་ཡོད་པའི་སློབ་ཕྲུག་ཤིག་ཡིན་ཕྱིན་ངེས་པར་དུ། རྒྱལ་ཁབ་ཁག་གི་རྩ་ཁྲིམས་ལ་དོ་སྣང་དགོས་གལ་ཆེ་ཞིང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་བརྩམས་པའི་(Swaraj)་ཞེས་པའི་རྩོམ་ཡིག་ལ་བལྟས་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས། དབུ་མའི་ལམ་གྱི་སྲིད་བྱུས་དེ་འདོན་གནང་མཛད་དགོས་པའི་རྒྱུ་མཚན་གསལ་པོ་རྟོགས་ཐུབ་ཅེས་གསུངས་ཡོད་པ་རེད།
ཡང་སྐབས་དེར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་གཙོ་བོ་ཞིག་ནི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མུ་མཐུད་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞིང་། འོན་ཀྱང་། དེང་སྐབས་བོད་རིགས་གཞོན་སྐྱེས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་བོད་ཀྱི་རྩ་དོན་བསྒྲུབ་པར་དེ་ཙམ་ཕན་ཐོགས་མེད་པ་ལྟ་བུ་དགོངས་ཚུལ་ཡོད་པ་ནི་བློ་ཕམ་ཡིན་པ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་གར་གྱི་ས་གནས་ཁག་༡༡་ནས་ཁྱོན་གཞོན་སྐྱེས་ཚོགས་བཅར་བ་༥༠་ཙམ་མཉམ་བཞུགས་གནང་འདུག་ཅིང་། གྷོ་པལ་སྤུར་བོད་ཁྱིམ་སློབ་གྲྭའི་སློབ་མ་འཕྲིན་ལས་ཆོས་འཛོམས་ལགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་གཉིས་ཀར་ཕན་ཐོགས་ཡོད་པའི་སྲིད་བྱུས་ཤིག་ཡིན་ཞིང་། ངོས་ཀྱིས་དེའི་ནང་ཆ་ཤས་ཇི་ལྟར་ལེན་དགོས་པའི་སྐོར་ཤེས་རྟོགས་ཆེད་མཉམ་ཞུགས་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་སྐབས་དེར་རྒྱ་གར་རྒྱལ་ས་ལྡི་ལིར་ལྟ་གྲུབ་རིག་པའི་ཐོག་ལ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པའི་ཚེ་དབང་རྒྱལ་མཚན་ལགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་གོ་རྟོགས་ཆ་ཚང་བ་ཞིག་ཡོང་སླད་མཉམ་ཞུགས་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིའི་ཚོགས་འདུ་དེ་བཞིན་དབུ་མའི་ལམ་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ཉིན་གཉིས་ཀྱི་རིང་འཚོགས་རྒྱུ་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།