སྤྱི་ནོར་༧གོང་ས་མཆོག་དྲ་ལམ་བརྒྱུད་གོ་ལའི་ཆེས་མཐོའི་ལྷན་ཚོགས་ཐོག་ལྷན་བཞུགས་མཛད་རྒྱུ།

2020-08-27
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༡༩།༥
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༡༩།༥
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དྲ་ལམ་བརྒྱུད་འཛམ་གླིང་ནང་དཀའ་ངལ་དང་ཉེན་ཁའི་གནས་སྟངས་འོག་ལྷུང་པའི་ཕྲུ་གུའི་བདེ་རྩའི་ཆེད་ཀྱི་གོ་ལའི་ཆེས་མཐོའི་ལྷན་ཚོགས་ཐོག་ལྷན་བཞུགས་མཛད་འཆར་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་སྤྱི་ཟླ་དགུ་པའི་ཚེས་༩་དང་༡༠་བཅས་ཉིན་གཉིས་རིང་། འཛམ་གླིང་ནང་དཀའ་ངལ་དང་ཉེན་ཁའི་གནས་སྟངས་འོག་ལྷུང་པའི་ཕྲུ་གུའི་བདེ་རྩའི་ཆེད། དྲ་ལམ་བརྒྱུད་གོ་ལའི་ཆེས་མཐོའི་ལྷན་ཚོགས་ཐོག་ལྷན་བཞུགས་མཛད་ནས་བཀའ་སློབ་སྩལ་རྒྱུ་ཡིན་པ། ལྷན་ཚོགས་དེ་གོ་སྒྲིག་ཞུ་མཁན་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་(Kailash Satyarthi)་ལགས་ཀྱི་མཚན་ཐོག་ཡོད་པའི་རྒྱལ་སྤྱིའི་བྱིས་པའི་ཐེབས་རྩའི་ཨ་མི་རི་ཀའི་ནང་གི་སྡེ་ཚན་གྱིས་འདི་ཚེས་༢༦་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་གནང་འདུག
ཀོ་ཝིཌ་༡༩་(Covid-19)་ཞེས་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་སྔ་རྗེས་སུ། འཛམ་གླིང་ཁྱོན་ཡོངས་སུ་ཚབས་ཆེའི་དཀའ་ངལ་ནང་ལྷུང་བའི་ཕྲུ་གུ་ཚོའི་བདེ་རྩ་སྲུང་སྐྱོབ་ཆེད་ཕན་ཚུན་བཀའ་གྲོས་གནང་ཕྱིར། སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ནས་ཡིན་པའི་ཆེས་མཐོའི་མི་སྣ་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཕྱོགས་ཅིག་ཏུ་ལྷན་འཛོམས་གནང་རྒྱུ་ཡིན་པའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སུ་ཝི་ཌན་གྱི་སྲིད་བློན་སི་ཊི་ཕན་ལོཕ་ཝན། རྒྱ་གར་དབུས་གཞུང་གི་བུད་མེད་དང་ཕྲུ་གུའི་བདེ་དོན་བློན་ཆེན་ས་མི་རི་ཏི་ཨི་ར་ཎི། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ། རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ། དེ་བཞིན་རོལ་མོ་བ་དང་གཞན་ཕན་ཅན་རི་ཀི་མར་ཊིན། དེ་བཞིན་༡༩༩༧་ལོ་དང་། ༢༠༠༦། ༢༠༡༡། ༢༠༡༤་་བཅས་ཁག་སོ་སོར་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་རྣམས་དྲ་ལམ་བརྒྱུད་ཆེས་མཐོའི་ལྷན་ཚོགས་དེའི་ནང་ལྷན་ཞུགས་གནང་སྟེ། ཕྲུ་གུའི་བདེ་ཐང་དང་སློབ་སྦྱོང་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། འཛམ་གླིང་ནང་ཚོང་ལས་དང་དཔལ་འབྱོར་བསྐྱར་གསོའི་ལས་དོན་ཆེད་འབྱོར་ལྡན་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་མང་པོ་བཏང་གནང་གི་ཡོད་པ་རེད།
ཡིན་ནའང་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་གིས་མིའི་ཚེ་སྲོག་ས་ཡ་བདུན་བཅུ་ཙམ་སྐྱོབ་ཐུབ་ཀྱི་ཡོད་པ་རེད།
ཏོག་དབྱིབས་ནད་ཡམས་དེ་འཛམ་གླིང་ནང་དོ་སྙམ་མེད་པར་རང་བཞིན་གྱིས་ཁྱིམ་ཚང་དབུལ་པོའི་ནང་དེ་བས་ཤུགས་ཆེ་བ་འགོས་ཁྱབ་ཡོང་བཞིན་ཡོད་པ་དང་། ཉུང་མཐར་ཡང་ཁོང་ཚོའི་ཚེ་སྲོག་སྐྱོབ་ཐབས་ཀྱི་ལས་དོན་སྤེལ་དགོས་ཀྱི་ཡོད་པ་རེད། གང་ལྟར་སྔོན་ཆད་གནས་ཚུལ་དེ་འདྲ་བྱུང་མིན་ལ་མ་ལྟོས་པར་གཞུང་ཕྱོགས་ཁག་ནས་རྒྱལ་ཁབ་སྲུང་སྐྱོབ་དང་། འཛམ་གླིང་གི་དཔལ་འབྱོར་སྲུང་སྐྱོབ་གནང་དགོས་ཀྱི་ཡོད་པའི་ཐོག་ཕྲུ་གུའི་ཚེ་སྲོག་སྲུང་སྐྱོབ་སོགས་དོན་དངོས་སུ་ལག་བསྟར་མ་གནང་བ་ཡིན་ན། ང་ཚོའི་མི་རབས་རྗེས་མ་ཚོ་མེད་པར་འགྱུར་རྒྱུ་ཡིན་པ་རེད་ཅེས་སྤྱི་ལོ་༢༠༡༤་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་(Kailash Satyarthi)་ལགས་ཀྱིས་གསལ་སྟོན་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།